ཉིན་འདི་ཚོར་ཞོགས་པ་ནས། ༼པྲ་ཏི་ཧ་རའི་དུས་སྟོན་གྱི་དཀར་ཆག༽འདི་ཕབ་བཤུས་བྱེད་བཞིན་ཡོད། སྤྱིར་ན་གློག་ཀླད་སྟེང་ཐད་ཀར་ཕབ་བཤུས་བྱས་ན་སླ་མོད། ང་ལ་ཟིན་བྲིས་སྟེང་དུ་ལག་བྲིས་བྱས་ན་ཚོར་བ་དམིགས་བསལ་པ་ཞིག་དང་བསམ་བློ་གཏོང་པའི་བར་སྟོང་ཞིག་ཡོང་གི་ཡོད། དཀར་ཆག་འདི་ཕབ་བཤུས་ཀྱི་གོ་རིམ་ཁྲོད་དུ། གནད་དོན་འགའ་མཐོང་སོང་། གཅིག་བཙན་པོའི་དུས་སུ་བསམ་ཡས་གཙུག་ལག་ཁང་ནས་ཉིན་གཅིག་ལ་བུད་མེད་ལྔ་བརྒྱ་རབ་ཏུ་བྱུང་བའི་ལོ་རྒྱུས་ཡོད། དེའི་དུས་སུ་ཕལ་ཆེར་དགེ་སློང་མའི་སྡོམ་རྒྱུན་ཡོད་པ་འདྲ་བས་དཔྱད་དགོས། ཡི་གེ་འདིར་དགེ་སློང་མ་མང་པོའི་མཚན་ཐོན་གྱི་འདུག་ལ། བདག་ཉིད་ཆེན་མོས་དགེ་སློང་མའི་སྡོམ་རྒྱུན་མེད་གསུངས་པ་ནི་ཚད་མ་ཡིན། ཕལ་ཆེར་སིལ་བུའི་དུས་སུ་སྡོམ་རྒྱུན་རྩ་ནས་ཆད་པར་གོ་དགོས་སྙམ། ཡང་ན་དྲང་ངེས་ཀྱི་གསུང་ཡང་ཡིན་པས་ཕལ་བ་རྣམས་ཀྱིས་དཔྱད་གཞིར་འཇོག་པའང་འཐད། གཉིས་ནས། དཀར་ཆག་འདིར་བུད་མེད་མང་པོའི་མཚན་ཐོན་གྱི་ཡོད་པ་ལས། མྱང་ཟ། ལང་གྲོ་ཟ། རྒྱའ་མོ་ཟ། སོ་ཟ། པ་ཚབ་ཟ། ཕ་གོར་ཟ། ཤེའུ་ཟ་ཞེས་ཡོད། ཟ་རྐྱང་བུད་མེད་ལ་འཇུག་པའི་ཚུལ་ནི་གུས་པས་སྔོན་མ་མངའ་རིས་ཀྱི་བྲག་བརྐོས་ལ་བརྟེན་ནས་སྒྲུབ་ཟིན་པ་དེ་ལྟར་ཡིན། གང་ལྟར་དཀར་ཆག་འདི་ནི་དུས་རབས་བཅུ་གཅིག་པའི་ནང་གི་ཡིག་ཆ་ཡིན་པས་ཁུངས་བཙུན་པར་མཐོང་ཐུབ་སྙམ། — འདི་ཡང་བན་ཤུལ་པས་ཚན་རིག་དང་མཐུན་པའི་རིག་གཞུང་སྨྲ་བའི་སྡེར་ཕུལ་བ་ཙམ་ལས། དད་པ་དག་སྣང་གིས་སློབ་གཉེར་གནང་བ་རྣམས་ལ་མཁོ་མི་ཆེ་བས་སྣང་བ་མ་གཏོང་པ་གལ་ཆེ། 解读11世纪文献《查第哈热仪轨志》


